Tuesday, May 17, 2016

མགོ་ལོག་ཅེས་པའི་རུས་མིང་གི་གོ་དོན།


ས་མགོ་ལོག  གནམ་མགོ་ལོག
འདི་ནི་གནའ་མྱི་དག་གིས་འུད་ཀྱིས་ཆེ་ཆེར་བསྟོད་པ་ཡིན་ལེ་ཆེ་ལ་མིན་ཡང་སྲིད།   ཡང་ཟུར་གཞན་ཞིག་ནས་གླེང་ན།   མགོ་ལོག་གི་ས་རྒྱ་ཆེ་ལ་མི་གྲངས་མང་།  གནས་འདིར་གཞིས་ཆགས་ཡོད་པའི་མྱི་དག་ལ་དཔའ་རྩལ་འཛོམས་ལ་ལ་རྒྱ་ལྡན་པས་དེ་ལྟར་དུ་བོས་པ་ཡིན་ཡང་སྲིད། ཉེ་སྔོན་བོད་ཀྱི་སྙན་ངག་པ་གཅན་མེ་སྟག་གིས་ང་ལ་རྩེད་མཚར་དུ་ས་མགོ་ལོག་དང་གནམ་མགོ་ལོག་ཅེས་པ་ནི།  སྔོན་ཆད་རེབ་གོང་གི་མི་ཚོས་མགོ་ལོག་ལ་འཕྱ་སྨོད་བྱས་པའི་ཚིག་ཅིག་ཡིན་པ་འདྲ་གསུངས་མྱོང་།  གང་ལྟར་མགོ་ལོག་ནི་མགོ་ལོག་སྟེ།  ས་མིང་རུས་ལ་ཐོགས་ཤིང་རུས་མིང་སྡེ་ལ་ཐོགས་ཏེ།   རིམ་བཞིན་རྫོང་ཁག་བདུན་ཧྲིལ་གྱིས་བསྡུས་པའི་མིང་ཞིག་ཏུ་ཆགས་སོང་བ་རེད།   ས་མགོ་ལོག་ཏུ་རུས་མིང་མི་འདྲ་བ་ཕལ་ཆེར་བཞི་བརྒྱ་བདུན་ཅུ་ལྷག་ཙམ་ཡོད་ལ།   དེ་དག་ལས་ངའི་ཕ་རུས་མགོ་ལོག་ནི་ས་མགོ་ལོག་གི་རྗེ་ཡི་ཐོག་མ་འབྲི་ལྷ་རྒྱལ་འབུམ་ཡིན་པས་རྗེ་ཡི་རུས་རྒྱུད་ཨ་ལྕགས་འབྲི་ནས་མཆེད་པ་ཡིན་མོད། ཕྱིས་སུ་འབྲི་ལྷ་རྒྱལ་འབུམ་གྱི་རིང་ལ་གཉན་མཁར་བ་གསུམ་དབང་དུ་བསྡུས་ཏེ་ཚོ་བའི་མིང་ལ་མགོ་ལོག་ཅེས་བཏགས་པ་ནས་བཟུང་མགོ་ལོག་ཅེས་པའི་རུས་དེ་བྱུང་བ་ཡིན་པར༼མགོ་ལོག་རུས་མཛོད་རྒྱས་པ༽རུ་གསལ་ལོ། །   གཞན་མགོ་ལོག་གི་ཡུལ་ན་རུས་མགོ་ལོག་ཡིན་པ་མང་པོ་ཡོད་ལ་དེ་དག་ལས་ལ་ལ་ཨ་ལྕགས་འབྲིའི་རུས་རྒྱུད་དངོས་ལས་མཆེད་པ་ཡིན་ཞིང་།    འགའ་ཞིག་ནི་གནའ་སྔ་མོའི་མགོ་ལོག་གི་སྡེ་རྙིང་གི་མི་རྒྱུད་དང་ཁྱིམ་རྒྱུད་ཡིན་པ་རེད།     དེ་རིང་ཁོ་བོས་འདི་འདྲའི་གསལ་བཤད་རྒྱས་པ་ཞིག་བྱེད་དགོས་དོན་ནི།      གཅིག་ཏུ་རང་ཉིད་ཀྱིས་མིང་ལ་མགོ་ལོག་པ་འཇིགས་བྱེད་ཚེ་རིང་ཞེས་འབོད་དགོས་དོན་དེ་ཚང་མར་ངོ་སྤྲོད་ཙམ་བགྱིས་པ་ཡིན་ལ།      གཉིས་སུ་ཚང་མས་རང་རང་གི་རུས་མིང་ཅི་ཡིན་པ་དེ་ཤེས་རྒྱུ་གལ་ཆེ་བར་མ་ཟད།    རུས་ཉམས་ན་མི་རྒྱུད་ཉམས་པ་སྟེ་ཐ་ན་རང་ཉིད་ཉམས་རྒྱུ་ཡིན་པའི་སྔོན་བརྡ་ཞིག་བཏང་བ་ཡིན་ནོ། །    ཙི་ན་བ་ཚོས་ཀྱང་རུས་མིང་ལ་དོ་སྣང་བྱེད་ཀྱིན་འདུག་པས།    འུ་ཚོས་ཀྱང་རུས་མིང་ལ་དོ་སྣང་མ་བྱས་ན་འགྲིག་གི་མེད་ཚོད་རེད།   བོད་ཀྱི་ས་ཆ་ཁ་ཤས་སུ་རུས་མིང་ཉམས་ཤིང་།    རུས་མིང་ལ་གོ་བ་མི་ལོན་པའི་མི་ཧ་ཅང་མང་པོ་ཞིག་མཐོང་རྒྱུ་འདུགདེས་འུ་ཅག་གི་ཁྱིམ་རྒྱུད་ཀྱི་འདུ་ཤེས་དང་།    རིགས་རྒྱུད་ཀྱི་འདུ་ཤེས་སོགས་ཉམས་གུད་དུ་བྱིན་ཡོད་པ་མཚོན་ཐུབ་སྙམ།དེ་བས་ཁྱིམ་རྒྱུད་སླར་གསོ་དང་རུས་རྒྱུད་གཙང་མ་རེ་ལ་འབད་པ་བྱེད་རྒྱུའང་དོན་ཆུང་ཞིག་མ་རེད་ཅེས་སྐུལ་མ་གནང་བ་ཡིན། ། 2012ལོའི་ཟླ5ཚེས15ཉིན་བྲིས།

རྒྱུད་སྤེལ་གནང་།

Author:

མཆན། : 0