Tuesday, May 17, 2016

མགོ་ལོག་ཡུལ་གྱི་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག

རྟ་ཐོག་གར་འཆམ།


མགོ་ལོག་གི་དམངས་ཁྲོད་འཚོ་བའི་ནང་དུ་གནའ་བོའི་བོད་ཀྱི་རིག་གནས་སྒྱུ་རྩལ་གཏིང་ཟབ་ལ་དཔངས་མཐུག་པས།བོད་རིགས་མི་དམངས་ཀྱི་སྲོལ་རྒྱུན་མི་ཆོས་གཞུང་ལུགས་དང་། སློབ་གསོ།རིག་གནས།མཛེས་དཔྱོད་སོགས་སྔར་བཞིན་རྒྱུད་འཛིན་དང་དར་སྤེལ་གཏོང་བཞིན་ཡོད། ད་སྔ་ལེགས་སྒྲིག་བྱས་ཟིན་པའི་གླིང་སྒྲུང་སྐོར་གྱི་ངག་ཐོག་བརྩམས་ཆོས༢༣དང་། སྒྲུང་ཡིག་ལག་བྲིས་མ༣༥ སྒྲ་ཐག་དང་བརྙན་འཁོར༣༠ལྷག འབྲེལ་ཡོད་གེ་སར་རྟེན་གཞི་སླར་གསོ་དང་གེ་སར་དངོས་མང་བཤམས་སྟོན་ཁང་སོགས་བསྒྲུབས་དང་སྒྲུབ་བཞིན་པའི་སྒང་ཡིན།
༼ རྟ་ཐོག་གར་འཆམ ༽ནི་བོད་ཀྱི་ཟློས་གར་འཁྲབ་སྟོན་གྱི་རྨང་གཞིའི་ཐོག་བྱུང་བའི་གར་འཆམ་ཞིག་ཡིན་ལ།མགོ་ལོག་ཚོ་ཁག་བར་གྱི་རྟ་རྒྱུག་འགྲན་ཚོགས་བརྒྱུད་ནས་རྒྱ་བསྐྱེད་པ་ཞིག་ཡིན།ད་ལྟ་མགོ་ལོག་རྩྭ་ཐང་ཡོངས་སུ་རྟ་ཐོག་རྣམ་ཐར་ཚོགས་པ༦ཡོད་ལ།ཟློས་གར་རིགས་ལའང༼ རྟ་རྒྱུག་རྒྱལ་འཇོག ༽གཙོ་བྱས་པའི༼ སྲོང་བཙན་སྒམ་པོ ༽དང་།༼ དྲི་མེད་ཀུན་ལྡན ༽༼ གཉན་པོ་གཡུ་རྩེ ༽སོགས་ཡོད།ལོ་རེའི་དབྱར་ཟླ་བདུན་པ་དང་བརྒྱད་པའི་ནང་འཁྲབ་སྟོན་བྱེད།༢༠༠༧ལོར་རེབ་གཉིས་པའི་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་སྡེ་ཚན་ཁྲོད་བཞག་ཡོད།

སྡེ་ནང་ས་བྲིས།


དུས་རབས་བཅོ་བརྒྱད་པའི་དུས་མཇུག་ཏུ་ས་ངན་བླ་མ་བསྟན་འཛིན་གྱིས་བེེ་རོའི་ཡིག་གཟུགས་ཀྱི་རྨང་གཞིའི་སྟེང་ས་ངན་རིགས་ཀྱི་ཡིག་གཟུགས་ཞེས་པ་གསར་གཏོད་བྱས།འདི་ལ་སྡེ་ནང་ས་ངན་བསྟན་འཛིན་གྱི་ཡིག་གཟུགས་ཞེས་སུ་བརྗོད་ལ།བསྡུས་མིང་དུ་སྡེ་ནང་ས་བྲིས་ཟེར།སྡེ་ནང་ས་བྲིས་གསར་གཏོད་བྱས་པ་ནས་ད་བར་དུ་མི་ལོ་ཉིས་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པ་དང་མི་རབས་བདུན་གྱི་རྒྱུད་འཛིན་པ་བྱུང་། སྡེ་ནང་ས་བྲིས་ཀྱི་སྨྱུ་གུ་དང་སྣག་ཚ།ཤོག་བུ་སོགས་ལ་རེ་བ་ནན་མོ་ཡོད་དེ།སྨྱུ་གུ་བཟོ་བྱེད་ཀྱི་སྨྱུག་མ་གཤགས་པ་དང་གཞོག་པ།བརྐོ་བ།བསྲེག་པ།སྣུམ་ནང་དུ་བཙོ་བ་སོགས་ཀྱི་ལག་རྩལ་སྣ་མང་འཛོམས་དགོས།སྣག་ཚ་ཕལ་ཆེ་བ་ནི་ས་དེའི་གཏེར་སྣ་ཚོགས་དང་སྐྱེ་དངོས་སྣ་ཚོགས་ཀྱི་རང་བྱུང་རྒྱུ་ཆ་ལས་གྲུབ་པ་ཡིན།ཤོག་བུ་བཟོ་བ་ལ་སྐྱེ་དངོས་སོགས་གཙབ་པ་དང་འཐག་པ།གདུ་བ།བརྡར་བ།ཆེ་ཆུང་དང་ཚུགས་ཀ་གཏན་འབེབས་སོགས་ཀྱི་གོ་རིམ་བརྒྱུད་དགོས།འབྲི་སྟངས་ལ་དབུ་ཅན་དང་དབུ་མེད།གཟབ་བྲིས།འབྲུ་ཚ།ལཉྫ་སོགས་ཡིག་གཟུགས་མང་པོ་ཡོད།༢༠༠༧ལོར་རེབ་གཉིས་པའི་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་སྡེ་ཚན་ཁྲོད་བཞག་ཡོད།

ཨ་མྱེས་རྨ་ཆེན་གྱི་ལྷ་སྒྲུང་།


ཨ་མྱེས་རྨ་ཆེན་ནི་མགོ་ལོག་ཁུལ་རྨ་ཆེན་རྫོང་གི་ཁོངས་སུ་གནས་ཤིང་།མཐོ་ཚད་མཚོ་འཕགས་སྨི༦༢༨༢ཡོད།བོད་སྲིད་པ་ཆགས་པའི་ལྷ་དགུའི་ཡ་གྱལ་དང་རྗེའི་མགུར་ལྷ་བཅུ་གསུམ་གྱི་ནང་ཚན།བོད་ཁ་བ་ཅན་གྱི་བླ་རི་དང་བན་བོན་གཉིས་ཀྱི་སྲུང་མ།ས་བཅུ་པ་ཐོབ་པའི་སངས་རྒྱས་ཞེས་སུ་འབོད་ལ།ད་ལྟ་རྒྱལ་ཁབ་ཀྱིAརིམ་པ་བཞི་པའི་ཡུལ་སྐོར་ལྗོངས་རྒྱུ་བྱེད་ས་ཡིན། ཨ་མྱེས་རྨ་ཆེན་ནི་རྩེ་མོ་མང་ལ་དུས་བཞིར་གངས་ཀྱིས་གཡོགས་ཤིང་།མིང་ལའང་རྨ་རྒྱལ་སྦོམ་ར་དང་།རྨ་རི་རམ་འབྱམས།རྨ་གཡང་རྡོ་རྗེ་བྲག་སོགས་སུ་འབོད་ཅིང་།སྔ་རབས་ཀྱི་སྐྱེས་ཆེན་མང་པོའི་གཟིགས་ངོར་དཔལ་འཁོར་ལོ་སྡོམ་པའི་གནས་སུ་མངོན་པ།དཔལ་རི་པདྨ་འོད་དང་གནས་མཆོག་ལྕང་ལོ་ཅན་དང་ཆ་འདྲ་བའི་གནས་ཁྱད་པར་བ་ཞིག་ཏུ་བཟུང་།རྨ་ཆེན་ལ་རྨ་རིགས་སུམ་བརྒྱ་དྲུག་ཅུ་དང་རྨ་འཁོར་སྟོང་དང་ལྔ་བརྒྱ་ཡོད་པར་གྲགས་པས།ཡབ་ཆེན་བསེ་རི་ངང་ཡག་དང་།མ་ཡུམ་རྡོ་རྗེ་དྲག་རྒྱལ།བཙུན་མོ་གོང་སྨན་ལྷ་རི།ནུ་བོ་དགྲ་འདུལ་དབང་ཕྱུག བློན་པོ་དགེ་ཐུང་བྲག་དཀར།གཉེར་བ་མགྲོན་དགྱེས་ཞལ་དཀར་སོགས་ཁྱིམ་རྒྱུད་ཆེན་པོ་ཞིག་ཡོད་ལ།སྒྲོལ་མ་འབུམ་རྫོང་དང་།རྟ་མཆོག་གོང་ཁ།རྨ་གཡས་ཀྱི་མཆོད་རྟེན་དཀར་པོ།གོ་མཚོན་རྡོ་རྗེ་བྲག་སོགས་གནས་ཁྱད་པར་ཅན་མང་པོ་ཡོད་པས།རེ་རེ་ལའང་ངོ་མཚར་ཞིང་ཡིད་དབང་འཕྲོག་པའི་གཏམ་རྒྱུད་མང་པོ་ཡོད།ད་ལྟ་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་སྡེ་ཚན་ཁྲོད་བཞག་ཡོད།

པད་མའི་རྡོ་ཁང་།


རི་ཀླུང་ཡོངས་སུ་ཁེབས་པའི་སྨར་ཁོག་གདོད་མའི་ནགས་ཚལ་ནི་རང་བྱུང་གི་སྤྱི་གླིང་ཞིག་ཡིན་ལ།ས་རྡོའམ་གསོམ་ཤིང་ལས་གྲུབ་པའི་མཁར་ཁང་འདི་དག་ནི་པད་མ་མི་དམངས་ཀྱི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་བརྩིགས་བཟོའི་སྒྱུ་རྩལ་ཁྱད་པར་བ་ཞིག་ཡིན། པད་མའི་རྡོ་ཁང་གི་བརྩིགས་བཟོ་བྱེད་སྟངས་སྣ་བཞི་ཡོད་ལ།ཤིང་ཁང་རྐྱང་བ་དང་རྡོ་ཁང་རྐྱང་བ།ཤིང་རྡོ་འདྲེས་མ་ཅན།དེང་རབས་བརྩིགས་བཟོ་ཅན་བཅས་ཡིན།མཁར་ཁང་གི་རྒྱུ་ཆ་ཚང་མ་པད་མ་རང་ས་ནས་བླངས་པ་ཡིན་པས་སྤུས་ཀ་བཟང་ལ་ཧ་ཅང་སྲ་བརྟན་ཡིན། ཁང་པའི་བརྩེགས་རིམ་སྟེང་འོག་རིམ་པ་གསུམ་དུ་བགར་ཞིང་། སྟེང་དུ་འབྲུ་རིགས་དང་ཤ་མར་འཇོག་ས་ཡིན་ལ། བར་དུ་མི་སྡོད་ས།འོག་ཏུ་ཕྱུགས་ཟོག་བཙུད་ས་ཡིན། པད་མའི་རྡོ་ཁང་གི་བརྩིགས་བཟོ་ནི་སི་ཁྲོན་རྒྱལ་རོང་ས་ཁུལ་གྱི་རྡོ་ཁང་བཟོ་རྩལ་ལ་ལེགས་བཅོས་གང་ལེགས་བྱས་རྗེས་ཀྱི་འབྲས་བུ་ཤ་སྟག་ཡིན་པས་ཐུན་མིན་གྱི་ཁྱད་ཆོས་ལྡན།ད་ལྟ་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་སྡེ་ཚན་ཁྲོད་བཞག་ཡོད།
 རྩོམ་ཁུངས་ཁམས་པའི་དྲ་བ།

རྒྱུད་སྤེལ་གནང་།

Author:

མཆན། :